ཆང་མེན་ཆུ་ཨིན། ཆང་འདི་ཆུ་བ་ལྷག་སྟེ་འཐུང་ཚུགས་པའི་ཁར་ ཆང་འཐུང་མི་མི་འདི་ བྲོ་ག་ནི་ཡང་མེད་པའི་ཆུ་བཟུམ་ཅིག་ལུ་འགྱུར་བའི་དོན་མཚན་པའི་ཁར་ རིན་ཐང་དང་གནས་གོང་ག་ནི་ཡང་མེད་པའི་མི་ཅིག་ལུ་འགྱུརཝ་ཨིན། མི་མཁས་པ། ཏོག་གོ་ས་ཅན། དམག་དཔོན། གཉའ་རྒོད། མཚན་ཉིད་ཅན་གྱི་བླ་སློབ། ག་དེ་ཅིག་ཡོད་རུང་ ཆང་འཐུངམ་ཨིན་ཟེར་བ་ཅིན་ ཨེངའ་་ཟེར་སླབ་ཨིན་མས། བུམོ་འཇའ་རིསམོ་ག་དེ་ཅིག་ཡོད་རུང་ ཆང་འཐུང་པ་ཅིན་ བུཚ་ཚུ་གིས་ ཨེངའ་་་་ཟེར་སླབ་པའི་ཁར་ སྦྱིན་བདག་གི་བུཚ་ག་དེ་ཅིག་རྒྱུ་ནོར་ཡོད་རུང་ ཁོ་ཆང་འཐུང་པ་ཅིན་ བུམོ་ཚུ་གིས་ ཨེའང་ ཟེར་སླབ་ཨིན། དེ་འབདཝ་ལས་ ཆང་འཐུང་པའི་མི་འདི་ བྲོ་དང་རིན་གོང་ག་ནི་ཡང་མེད་པའི་ཆུ་ལུ་དཔེ་བཞགཔ་ཨིན་མས།
ཆང་འདི་ལུ་བརྟེན་ཏེ་ མི་ལུ་འགྱུར་བ ་གསུམ་འབག་ཚུགསཔ་ཨིན། དང་པ་སྤྱའི་འགྱུར་བ། གཉིས་པ་སྟག་གི་འགྱུར་བ། གསུམ་པ་ཕགཔ་གི་འགྱུར་བ་ཨིན། དེ་ཡང་ དང་པ་ཆང་འཐུང་བའི་སྐབས་ སྤོབས་བཏགས་ཏེ་ གད་བྲོ་སོགས་བསྒྱུར་བའི་ཁར་ བློ་ག་ལྷོད་སླབ་ ལུས་ག་ལྷོད་སྤར་ཏེ་ མི་གི་ལུས་ལས་སྤྱའི་སྤྱོད་པ་སྟོནམ་ཨིན་། དེ་བསྒང་ཆང་འཐུང་མི་འདི་ གད་བྲོ་འབདཝ་མས་མོན་སྟེ་ གཞན་གྱིས་ཡང་གད་བྲོ་འབད་ཁར་ ཁོང་ར་སྤྱ་བཟུམ་འབད་ཡི་ར་ སེམས་ཅན་སྟག་ལུ་འགྱུར་ཏེ་ གད་བྲོ་དེ་ཁོང་པའི་ནང་མ་ཤོང་པར་ སེམས་ཅན་སྟག་བཟུམ་ གདོང་འདྲོགས་སི་སི་དང་ སྐད་འདྲོགས་སི་རྐྱབ་སྟེ་ རྩིགཔ་ཟཝ་ཨིན་མས། དེ་ལས་འཐགམ་ག་ལྷོད་ཚུལ་ནི་འགོ་བཙུགས་པའི་བར་ན་རང་ ཁ་ལས་ཨ་བ་ཨིན་ན་ ཁ་ལས་སྐྱུགས་སྐྱུགསཔ་ཨིན་ན་མ་ཤེས་པར་ ལམ་ལྟག་དང་འོག་གཉིས་ཆ་རང་བདག་འཛིན་འཐབ། ཞག་ག་ལྷོད་ཉལ། ག་ཐོབ་ཟ་བའི་ཕགཔ་ལུ་འགྱུརཝ་ཨིནམ་ལས་ ཆང་གི་འགྱུར་བ་གསུམ་སྟོནམ་ཨིན།


ཆང་ལུ་བརྟེན་པའི་ ཚེ་རིང་གསུམ་ཡོད། དང་པ་སྨན་ཚེ་རིང་། གཉིས་པ་བློ་ཚེ་རིང་། གསུམ་པ་ཕུང་ཚེ་རིང་ ཟེར་ཚེ་རིང་གསུམ་ཡོདཔ་ཨིན། དང་པ་ཆང་འདི་ ཨ་ཙི་རེ་འཐུང་པ་ཅིན་ ཆོས་པ་དང་འཇིག་རྟེན་པ་གཉིས་ཀ་ལུ་ ནང་ཆོས་དང་ཚན་རིག་གཉིས་ཀ་ལས་ ཆང་འདི་གཟུགས་ལུ་ཕན་པའི་སྨན་ཨིན་ཟེར་བཤད་དོ་བཟུམ་ ཆང་ཨ་ཙི་རེ་ཆོག་ཤེས་འབད་དེ་འཐུང་པ་ཅིན་ སྨའན་སྦེ་དུས་ཡུན་རིངམོ་སྦེ་བརྟེན་བཏུུབ་ཨིན་མས། དེ་ལས་ མཚམས་ཚད་ལས་ལྷག་སྟེ་འཐུང་པ་ཅིན་ རྫོགས་ནི་མེད་པའི་བཤད་ཐོ་དལ་བའི་ཁར་ ཕྱི་ནང་གསང་གསུམ་གྱི་གསང་བ་ཚུ་ག་ར་སླབ་ནི་ཡོདཔ་ལས་ ཆང་འདི་བློ་བློ་ཚེ་རིང་ཨིན། དེ་ལས་ ཆང་འདི་དྲག་རང་དྲག་པ་ཅིན་ བློ་ག་བཟུམ་ཡང་ ཕུང་གི་ཡུལ་ལུ་འགྱུར་ཏེ་ མི་ག་ལྷོད་ལུ་ ཕུང་ག་ལྷོད་འཚོལ་བའི་ ཕུང་ཚེ་རིང་ཨིན་མས།
ཕོ་རབ་ཀྱིས་ཆང་འཐུང་མགོ་ལ་བཞུགས། ། མགོ་ན་མི་ཡིས་མ་ཚོར་གཉིད་དུ་སོང་། །ཟེར་དོ་བཟུམ་ མི་རབ་ཀྱིས་ཆང་འཐུང་པ་ཅིན་ མགུ་ཏོ་ལུ་འཛུལ་ཏེ་ མི་གཞན་ག་གིས་ཡང་མ་ཤེསཔ་ལས་ གཉིད་ལོག་སྟེ་ ཁུ་སིམ་སིམ་སྦེ་ཉལ་སྡོདཔ་ཨིནམ་ལས་ མི་རབ་ཆང་འཐུང་པའི་སྐབས་ ཆང་འཐུང་ག་མ་འཐུང་པའི་རྣམ་རྟོག་གི་ས་བོན་ཙམ་རང་མེད་སྡོདཔ་ཨིན་མས། ཕོ་འབྲིང་གི་ཆང་འཐུང་མགྲིན་པར་བཞུགས། ། མགྲིན་པར་བློ་ཡི་སྒོ་མོ་ཕྱེས།། ཟེར་དོ་བཟུམ་མི་འབྲིང་གི་ཆང་འཐུང་པའི་སྐབས་ལུ་ ཆང་འདི་ལྐོད་མར་སྡོད་དེ་ བློ་ག་ལྷོད་སླབ་པའི་ཁར་ ཞབས་བྲོ་སོགས་འཐོནམ་ཨིན་མས། ཕོ་ཐ་མས་ཆང་འཐུང་སྙིང་ལ་བཞུགས། ། སྙིང་དགྲ་རུ་ལང་ཏེ་གྲི་རུ་བཟུང་། ། ཟེར་དོ་བཟུམ་ མི་ཐ་མ་གི་ཆང་འཐུང་པ་ཅིན་ ཆང་འདི་དོན་ཧིང་འཛུལ་བའི་སྐབས་ དགྲ་ལོང་སྟེ་གྱི་ཅུང་ལུ་བཟུང་སྟེ་ ཕུང་འཚོལ་ནི་དང་ འཐབ་ནི། བསད་བརྡུང་ལ་སོགས་པའི་ མཚོན་ཆ་ལག་ལེན་འཐབ་ནི་ཚུ་འབདཝ་ཨིན་མས།
སངྱས་ཀྱིས། ཆང་འཐུང་ང་ཡི་ཉོན་ཐས་མིན།། ང་ཡང་འདི་ཡི་སྟོན་པ་མེན། ། གསུངས་བའི་ཁར་ ཆང་འདི་ཉེས་པ་གསུམ་གྱི་རྩ་བ་ཨིནམ་མཁྱེན་དགོ། དེ་བཟུམ་སྦེ་རང་ ཨོ་རྒྱན་གུ་རུས། ཆང་ལ་འདོད་ཆགས་ཞེ་སྡང་གཏི་མུག་དང་།། ང་རྒྱལ་ཕྲག་དོག་ཉོན་མོངས་མ་ལུས་པ། ། ལོང་བའི་རྒྱུ་རྐྱེན་འདི་ལ་ཆང་ན་ཡིན།། དེ་ཕྱིར་ཆང་ན་མ་འཐུང་ཞལ་དམ་ཡིན། ། ཟེར་གསུངས་དོ་བཟུམ་སྦེ་རང་ཆང་གི་སྨྱོས་ཆུ་འདི་ལུ་བརྟེན་ མཛེས་སྡུག་ཀུན་ལུ་ཆགས་པའི་ཆང་གི་ལྷ་མོ་གིས་ ཆགས་སེམས་བསྐྱེད་བཅུགས་ཏེ་ ངན་སོང་ལུ་འཁྱིད་ནི་ཨིན་པའི་ཁར་ འདུལ་བ་ནང་ལས། ཆང་འཐུང་དམྱལ་བ་ངུ་འབོད་སྐྱེ། ། སྦྱིན་མཁན་དེ་ཡི་འཁོར་དུ་སྐྱེ། ། ཟེར་ཡོད་པའི་ཁར་ རྒྱུ་རྡོ་རྗེ་རྩེ་མོ་ལས། ཕུལ་ཁྲོལ་ཀུན་གྱི་རྩ་བ་ནི། ། ཆང་ཡིན་རྣམ་པར་སྤང་བར་བྱ། ། ཟེར་གསུངས་ཏེ་འདུག
ཆང་འཐུང་བའི་འཐུང་ལུགས་ལུ་གཞི་བཞག་སྟེ་ མི་རབ་འབྲིང་ཐ་ལུགས་དབྱེ་ཚུགས་ནི་ཨིནམ་ལས་ ཆང་ལུ་ལོངས་སྤྱོད་པའི་མི་ཚུ་གིས་ གོང་གི་དབྱེ་བ་ཚུ་ལུ་གཟིགས་ཏེ་ ཁྱོད་ར་མི་ག་ཅི་གི་གྱལ་ཁར་ཚུདཔ་ཨིན་ན་ དབྱེ་དགོ་པའི་ཁར་ ཁྱོད་རའི་ཆ་རོགས་ཡང་ ག་ཅི་ནང་ཚུདཔ་ཨིན་ན་ འཕྲལ་འཕྲལ་སྦེ་རང་ ཐུགས་ལས་མ་ཡལ་བར་དྲན་གསོ་འཕུལ་དགོ། མི་འདི་ག་ཅི་རང་སྦེ་རུང་ ས་གོ། དུས་ཚོད། མཚམས་ཚད་གསུམ་འདི་ ཤེས་དགོཔ་ག་ནི་བ་ཁག་ཆེཝ་ལས་ དེ་གསུམ་གྱིས་ཐོག་ལུ་ བྱ་སྤྱོད་རྣམ་གཞག་ཚུལ་སྟོན་སྦེ་སྟོན་དགོ།