Paro Taktsang

སློབ་ཕྲུག་ཚུ་གི་ ཡིག་སྡེབ་ཡར་རྒྱས་ཀྱི་དོན་ལུ་ སློབ་དཔོན་ཚུ་གིས་ཨ་ལོ་ཚུ་ལུ་དཀའ་ངལ་ངོས་འཛིན་འབད་དེ་ ཐབས་ཤེས་སྣ་ཚོགས་སྟོན་དགོཔ་ཨིན། དེ་ཡང་Smedleyགིས་ སླབ་མི་Jayousi (༡༩༩༤ ཤོག་གྲངས་༦) ནང་ལུ་སློབ་ཕྲུག་ཚུ་གིས་ ཡིག་སྡེབ་ཡར་རྒྱས་བཏང་དགོ་པ་ཅིན་ དང་པ་ར་ སློབ་དཔོན་གྱིས་ཡིག་སྡེབ་དང་འབྲེལ་བའི་ཆོས་རྒྱུགས་ཨ་ལོ་ག་ར་ལུ་ རྐྱབ་བཅུག་དགོཔ་དང་། གཉིས་པ་ཨ་ལོ་ རང་ར་སོ་སོའི་དཀའ་ངལ་ཚུ་གསལ་སྟོན་འབད་དགོཔ་པའི་ཁར་། ཨ་ལོ་ཁོང་ར་གིས་ ཡིག་སྡེབ་ཡར་རྒྱས་ཀྱི་ཐབས་རིག་གདམ་འཐུ་ འབད་ཤེས་པ་ལཱ་ཁག་འོང་ནི་ཨིནམ་ལས་ སློབ་དཔོན་ཚུ་གིས་ འགན་ཁུར་འབག་སྟེ་ ཨ་ལོ་ཚུ་ལུ་ཐབས་ཤེས་ལེགས་ཤོམ་གྱི་ཐོག་ལས་ ཡིག་སྡེབ་ཡར་དྲག་བཏང་དགོ་ཟེར་བཤད་དེ་འདུག
ཡིག་སྡེབ་ཡར་དྲག་བཏང་ཐབས་ལུ་ གཞི་རིམ་སློབ་གྲྭ་ཚུ་ནང་ལས་ར་ དག་ཡིག་དང་ཚིག་མཛོད་ བལྟ་ནི་དང་ལག་ལེན་འཐབ་ནི་ལུ་ གོམས་གཤིས་བཟོ་དགོཔ་འདུག།རྒྱལ་སྲས་ཞི་བ་ལྷ་གིས་གསུངས་མི་ མཁན་ཆེན་གཞན་དགའ་གི་མཆན་འགྲེལ་ནང་ལུ་ ལག་ལེན་འཐབ་མི་ནང་ (༢༠༠༩) “གོམས་ན་སླ་བར་མི་འགྱུར་བའི། །དངོས་དེ་གང་ཡང་ཡོད་མ་ཡིན། །དེ་བས་གནོད་པ་ཆུང་གོམས་པས། །གནོད་པ་ཆེན་པོ་བཟོད་པར་བྱོས།།” གསུངས་དོ་བཟུམ་སྦེ་ ང་བཅས་ར་ ལྷབ་སྦྱང་འབདཝ་ད་ལུ་ འགོ་དང་པ་ལཱ་ཁག་འབད་ཚོར་རུང་ གོམས་གཤིས་ཚུད་པའི་བསྒང་ལས་ ག་ར་འཇམ་ཏོག་ཏོ་སྦེ་ འབད་ཚུགས་ནི་ཨིནམ་ལས་ སློབ་དཔོན་གྱིས་ཡིག་སྡེབ་ཚུ་ ལེགས་ཤོམ་སྦེ་སློབ་སྟོན་འབད་དགོཔ་མ་ཚད་ སློབ་ཕྲུག་ཚུ་གིས་ ཡང་ སློབ་དེབ་དང་དག་ཡིག་ནང་ལུ་ཡོད་མི་ ཡིག་སྡེབ་ཚུ་ བློར་བཟུང་འབད་བ་གི་མ་ཚད་ མིང་ཚིག་གི་གོ་བ་ཚུ་ཡང་ ལེགས་ཤོམ་འབད་ར་ཤེསཔ་སྦེ་སྟོན་དགོཔ་ ཨིན་མས།
Hanna (1971) Laura (2013 p.12) དང་འཁྲིལ་བ་ཅིན་ ཡིག་སྡེབ་ཤེས་ནིའི་དོན་ལུ་ ཞིབ་འཚོལ་པ་གིས་ སློབ་ཕྲུག་ཨ་ལོ་ཚུ་གིས་དོན་ལུ་ མ་ཤེས་པའི་ ཡིག་སྡེབ་བློར་བཟུང་གི་ཐབས་ཤེས་ དང་པ་ར་ ཡི་གུ་ལུ་བལྟ་ནི། གཉིས་པ་ ཡི་གུ་ནང་ཡོད་པའི་ ཡིག་སྡེབ་ཁ་ལས་སླབ་ནི། གསུམ་པ་ མིག་ཏོ་བཙུམ་ཏེ་ ཡིག་སྡེབ་འདི་མནོ་བསམ་བཏང་ནི། བཞི་པ་ མིག་ཏོ་ཕྱེ་སྟེ་ཡིག་སྡེབ་ འདི་ལོག་འབྲི་ནི། ལྔ་པ་ ཡིག་སྡེབ་འདི་འཛོལ་མི་འཛོལ་བལྟ་སྟེ་ མ་ཤེས་ཚུན་ཚོད་ ལོག་ཏེ་ར་ ཐབས་ཤེས་འདི་ གོ་རིམ་འབད་ ལག་ལེན་འཐབ་ནི། འདི་བཟུམ་མའི་ཡིག་སྡེབ་བློ་བཟུང་གི་ཐབས་ཤེས་འདི་གིས་ དང་ཕུ་ཡིག་སྡེབ་མ་ནོར་བ་བྲི་ནི་ལུ་ ཕན་སྦོམ་ཐོག་ཏེ་ཡོད་ཟེར་བཀོད་དེ་འདུག།
ཡིག་སྡེབ་ནང་ལུ་ མཆོག་འགྱུར་འགྱོ་དགོ་པ་ཅིན་ Laura (2013 p.12) གིས་འབད་བ་ཅིན་ ཡིག་སྡེབ་རིག་པའི་ཐབས་ཤེས་ བཞི་ཤེས་དགོཔ་སྦེ་བཀོད་དེ་འདུག། ཐབས་ཤེས་བཞི་འདི་ཡང་ དང་པ་རྗོད་སྒྲ་རིག་པ་ཟེར་ ཡི་གུའི་སྒྲ་གདངས་ཀྱི་སྐོར་ལས་ སྟོན་ཤེས་དགོཔ་དང་ སྣང་བརྙན་རིག་པ་ཟེར་ ཡི་གུའི་བཟོ་རྣམ་ག་དེ་སྦེ་ཡོད་ག་ ག་དེ་སྦེ་ མཐོངམ་ཨིན་ན་ ཤེས་ནི་དང་ ཚིག་འབྲུའི་རིག་པ་ཟེར་ ཡི་གུའི་ཚིག་གཅིག་གིས་ ཚིག་གཞན་དང་སླ་བསྲེཝ་ད་ ཡི་གུའི་སྡེབ་སོ་སོ ག་དེ་སྦེ་བཟོཝ་ཨིན་ན་སྟོན་ནི་དང་ ཚིག་གི་བྱུང་རབས་རིག་པ་ཟེར་ ཡི་གུ་འདི་ག་ཏེ་ལས་བྱུང་བྱུངམ་ཨིན་ན་སྟོན་པའི་རིག་པ་ བཞི་གི་ཐོག་ལས་དབྱེ་དཔྱད་འབད་བ་ཅིན་ ཡིག་སྡེབ་བྲི་ནི་ལུ་དཀའ་ངལ་མེད་པར་བྲི་ཚུགས་ཟེར་ཨིན་མས།

དེ་ཉིད་ཀྱིས་ ཡིག་སྡེབ་ཡར་རྒྱས་བཏང་ནིའི་དོན་ལུ་ Speeling Bingo ཟེར་ སློབ་དཔོན་དང་འབྲེལ་བའི་རྩེདམོ་ Spelling Bee ཟེར་ ཡིག་སྡེབ་ཐོག་ལས་འགྲན་བསྡུར་འབད་ནི་དང་ དེ་ལས་ Cross Word ཟེར་འབྲུ་ཡིག་དང་ letter soup ཟེར་དབྱངས་གསལ་ལེ་ཤ་བཀྲམ་བཞག་སྟེ ཡིག་སྡེབ་འབྲི་བཅུག་སྟེ་སླབ་བཅུག་ནིདང་ Wordwall ཟེར་བྱང་གུ་ གསལ་བྱེད་དང་དབྱངས་དང་འཁྲིལ་བའི་ ཡིག་སྡེབ་བྲི་བཅུག་ནི་དང་ སྡེབ་ཕབ་ཀྱི་ཐབས་ཤེས་ཚུ་ ལག་ལེན་འཐབ་པ་ཅིན་ ཡིག་སྡེབ་ཡར་རྒྱས་འགྱོ་འོང་ཟེར་ཨིན་མས།
ད་ལྟོ་ཚུན་ཚོད་ རྫོང་ཁའི་ཡིག་སྡེབ་དག་ནིའི་དོན་ལུ་ སློབ་གྲྭ་ནང་ལས་ཕར་ སྡེབ་ཕབ་དང་ དག་ཡིག་དང་ངག་སྒྲོན་ལ་སོགས་པའི་ བསྡོམས་ཚིག་ བློར་གཟུང་འབད་ནིའི་ ཐབས་ཤེས་རྐྱངམ་ཅིག་ཁྱབ་ཆེ་བ་སྦེ་ ལག་ལེན་འཐབ་ཡོདཔ་མ་གཏོགས་ འདི་གཉིས་མ་ཡིན་པའི་ཐབས་ཤེས་སོ་སོ་ ལག་ལེན་འཐབ་སར་མ་མཐོང་།
མ་གཞི་ཐབས་ཤེས་དེ་གིས་ཕན་པ་ཡོད་རུང་ བློ་བཟུང་འབད་དེ་ཡོད་པའི་ བསྡོམས་ཚིག་འདི་ ཆོས་སྐད་ནང་ཡོད་པའི་ཁར་ བློ་ལུ་བཟུང་ཚུགས་རུང་ དངོས་སུ་ཡིག་སྡེབ་བྲི་བའི་སྐབས་ ལག་ལེན་འཐབ་ནི་ལུ་ དཀའ་ངལ་བྱུངམ་ཨིན་མས། ང་གིས་འབད་བ་ཅིན་ མ་གཞི་ཆོས་སྐད་དང་རྗོང་ཁའི་ཡིག་སྡེབ་མང་ཤོས་ཆ་འདྲ་བའི་ཁར་ ཆོས་སྐད་ལུ་བརྟེན་ རྫོང་ཁའི་ཡིག་སྡེབ་བཟོ་ཡོདཔ་ལས་ དག་ཡིག་དང་ངག་སྒྲོན་གི་བསྡོམས་ཚིག་ཚུ་ བློ་ལུ་བཟུང་སྟེ་འབད་རུང་ མ་བཏུབ་མེད་པའི་ཁར་ ད་རེས་ནངས་པ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་བཟོ་ཡོད་མི་ ཀི་དེབ་ བློ་གསར་ཡིག་སྡེབ་ལམ་སྟོན་ཟླ་བའི་འོད་ཟེར་ ལ་སོགས་པ་ཚུ་བལྟ་བ་ཅིན་ རྫོང་ཁའི་ཡིག་སྡེབ་དག་ཚུགས་པའི་ཁ་ལུ་ གཅིག་མཚུངས་བཟོ་ཚུགས་པའི་དགོས་པ་འདུག།
དེ་མ་ཚད་ རྫོང་ཁའི་ཡིག་སྡེབ་བྲི་བའི་སྐབས་ལུ་ མ་ཤེས་པ་ཅིན་ཚིག་མཛོད་དང་ ཤེས་མི་ཚུ་ལུ་འདྲི་བ་ཅིན་ ཡིག་སྡེབ་དེ་ཅིག་རང་ མི་འཛོལ་ནི་ཨིན་པའི་ཁར་ རང་གིས་ག་མནོ་མི་བྲི་བ་ལུ་བརྟེན་ ཡིག་སྡེབ་འཛོལ་བ་འཐོན་དོ་འོང་ནི་མས།
Follansbee (2000) གིས་འབད་བ་ཅིན་ ཡིག་སྡེབ་འདི་ཡར་རྒྱས་གཏང་ནིའི་དོན་ལས་ མིང་ཚིག་གི་ དོན་དག་ཚུ་ཤེས་དགོཔ་དང་ དོན་དག་ཤེས་ནིའི་དོན་ལུ་ ཚིག་མཛོད་ལག་ལེན་འཐབ་དགོཔ་ཁག་ཆེ་ཟེར་ཨིན་པས། ང་གིས་འབད་རུང་ ཚིག་མཛོད་ལག་ལེན་འཐབ་ཐོག་ལས་ ཡིག་སྡེབ་ཡར་རྒྱས་བཏང་ནི་འདི་ ཐད་ཏོག་ཏོ་མཐོངམ་མས། འདི་ཡང་ ཚིག་མཛོད་ནང་ལས་ ཡིག་སྡེབ་གཅིག་འཚོལཝ་ད་ མིང་ཚིག་གཞན་ཡང་ ལྷག་ནིའི་གོ་སྐབས་ཐོབ་ལས་ ཚིག་མཛོད་ལུ་བརྟེན་ཏེ་ ཡིག་སྡེབ་དག་བཅོས་འབད་ནི་དང་ མིང་ཚིག་གསརཔ་ལྷག་ཚུགས་ནི་ཨིནམ་མ་ཚད་ རྫོང་ཁའི་ཚིག་མཛོད་ (༢༠༠༥ ཤོག་གྲངས་ ཁ) ནང་ལུ་བཀོད་དོ་བཟུམ་ ཚིག་མཛོད་ཀྱི་དམིགས་ཡུལ་དང་དགོས་པ་རང་ ཡིག་སྡེབ་གོང་འཕེལ་གཏང་ནི་དང་ ཡིག་སྡེབ་གཅིག་མཚུངས་སྦེ་བཟོ་སྟེ་ འབྲུག་པའི་ན་གཞོན་བུཚ་དང་བུམོ་ཚུ་གིས་ རྫོང་ཁའི་ཐ་སྙད་ལུ་མ་རྨོངས་པར་ ཡིག་སྡེབ་དང་རྗོད་སྒྲ་ཚུ་ མཐོ་རིམ་སློབ་གྲྭའི་གནས་ཚད་ནང་ ལྷོདཔ་འབད་བཟོ་ནི་དོན་ལུ་ཨིན་ཟེར་བཀོད་དེ་འདུག།
Fulk (1997) གིས་འབད་བ་ཅིན་ སློབ་ཕྲུག་འདི་ཚུ་གིས་ རྩོམ་རིག་གི་རིགས་དཔེར་ན་ ཡིག་རྒྱུགས་དང་ འབྲི་རྩོམ་ལ་སོགས་པ་ཚུ་ ཚིག་མཚམས་དང་དོན་མཚམས་བཅད་དེ་ ལྷག་པའི་སྐབས་ལུ་ ཧེ་མ་ཚར་ཅིག་ མགུ་ལས་མཇུག་ ཚུན་ཚོད་ ལེགས་ཤོམ་སྦེ་ལྷག་ནི་དང་ འདི་གི་སྐབས་ དོན་མཚམས་རེ་རེ་བཞིན་གྱིས་གོ་དོན་ཚུ་ ཧ་མ་གོ་རུང་ མིང་ཚིག་གསརཔ་ཚུ་དེ་འཕྲོ་ལས་ རང་གི་འབྲི་དེབ་ནང་ ཐོ་བཀོད་འབད་དེ་ ཟིན་བྲིས་བཏབ་བཞག་ནི་དང་ མིང་ཚིག་ལཱ་ཁག་ཡོད་མི་འདི་ཚུ་ པི་སི་གིས་སྒོར་ཐིག་བཀལ་ཞིནམ་ལས་ འབྲི་དེབ་ནང་ཐོ་བཀོད་དེ་བཞག་པ་ཅིན་ ལོག་ཤུལ་ལས་ དོན་ཚན་འདི་ལྷག་ཚར་བའི་སྐབས་ ཐོ་བཀོད་འབད་དེ་ ཡོད་པའི་མིང་ཚིག་ཚུ་གི་དོན་དག་ ཚིག་མཛོད་ནང་བལྟ་ཞིནམ་ལས་ དབྱེ་བ་དཔྱད་དེ་ ལེགས་ཤོམ་སྦེ་འབྲི་སྟེ་ སྦྱང་བ་འབད་བ་ཅིན་ དོན་ཚན་འདི་ནང་ ལྷག་མི་རྐྱངམ་ཅིག་མེན་པར་ ཡིག་སྡེབ་འདི་གིས་དུས་རྒྱུན་དུ་ རང་དང་གཅིག་ཁར་འབྲེལ་བ་མེད་པར་སྡོད་འོང་ཟེར་ཨིན་མས།
Templeton (2003) དང་འཁྲིལཝ་ད་ སྡེབ་སྦྱོར་འདི་ ང་བཅས་ཀྱི་ མི་བརྗེད་ནིའི་དོན་ལུ་ ལོག་ཅི་ལོག་ཅི་ར་ འབྲི་དགོཔ་ཁག་ཆེ་བའི་ཁར་ སྦྱང་བ་འདི་ཡུན་རིངམོ་སྦེ་འབད་བའི་བསྒང་ལས་ སེམས་ཁ་ལས་མ་བརྗེད་པར་བཞག་ ཚུགས་ཟེར་ཨིན་པས།དེ་མ་ཚད་ ཁ་ལས་སླབ་པའི་སྐབས་ རྫོད་སྒྲ་མ་དགཔ་འདྲཝ་ཅིག་འབད་བ་ཅིན་ འདི་གི་ཡིག་སྡེབ་ལུ་ ཐོ་སྦོམ་སྦེ་རང་ཕོག་ནི་ཨིནམ་ལས་ ག་ཅི་རང་འབྲི་སྟེ་འབད་རུང་ རྫོད་སྒྲ་སེམས་ཁར་བསྐྱེད་དེ་འབྲི་དགོཔ་འདི་གལ་ཆེ། ད
Mann, Bushell, & Morris, (2010) ཚུ་གིས་འབད་བ་ཅིན་ ཡི་གུའི་སྡེབ་ལུ་ དཀའ་ངལ་མེདཔ་སྦེ་བཟོ་ཐབས་ལུ་ ཀི་དེབ་ལེགས་ཤོམ་ཚུ་ ག་དེ་མང་མང་ལྷག་ནི་དང་གཅིག་ཁར་ རྒྱབ་རྟེན་བཟུམ་ཅིག་སྦེ་ སློབ་དཔོན་གྱིས་རྗོད་སྒྲ་དག་ཏོག་ཏོ་འགྱོ་ག་མ་འགྱོ་བལྟ་སྟེ་ ལེགས་བཅོས་འབད་དགོཔ་དང་ སྐབས་སྐབས་སུ་ ཞིབ་དཔྱད་འབད་དགོ།

དཔལ་འབྱོར། (༢༠༡༥ ཤོག་གྲངས་ ༤༥) གྱིས་འབད་ཡོད་པའི་ལག་ལེན་ཞིབ་འཚོལ་དང་འཁྲིལ་བ་ཅིན་ སློབ་སྟོན་འབད་བའི་ཞོར་ཁ་ དུས་ཡུན་སྐར་མ་༡༠ དེ་རེ་ ཡིག་སྡེབ་ཀྱི་སྦྱང་བ་བྱིན་པ་ཅིན་ ཡིག་སྡེབ་ཡར་རྒྱས་གཏང་ནི་ལུ་ ཕན་ཐོག་སྦོམ་ཡོདཔ་འབད་ གྲུབ་འབྲས་གསལ་སྟོན་བྱུང་ནུག། དེ་མ་ཚད་ ཁོ་གིས་འབད་བ་ཅིན་ ཡིག་སྡེབ་ཚུ་ལྷབ་པའི་སྐབས་ལུ་ ཁྲིམས་བཟུམ་ཅིག་འབད་ ཚོར་མ་བཅུག་ནིའི་དོན་ལུ་ སྡེབ་ག་མགྱོགས་འཚོལ་ནི་ཟེར་བའི་ རྩེདམོ་གི་ ཐོག་ལས་ ཡིག་སྡེབ་དག་བཅོས་འབད་བཅུག་དགོ། དེ་ཡང་ སློབ་ཕྲུག་ཚུ་གི་ཡིག་ཆ་ནང་ལས་ བསྡུ་སྒྲིག་འབད་དེ་ཡོད་པའི་ ཡིག་སྡེབ་ནོར་བ་ཚུ་ ཤོག་ཆུང་ནང་ལུ་སྒྲིལ་བཞག་སྟེ་ སློབ་དཔོན་གྱི་རྒྱན་ཤོག་བཟུམ་སྦེ་འཐུ་སླབ་ཅིག་ སློབ་ཕྲུག་ཚུ་གིས་ ཚིག་མཛོད་ནང་ལས་ སྡེབ་འཚོལ་ཏེ་བྱང་ཤིང་གུ་འབྲི་བཅུག་དགོ་ཟེར་བཀོད་དེ་འདུག།
ང་གིས་འབད་རུང་ཡང་ ཐབས་ཤེས་འདི་ གནམ་མེད་ས་མེད་ལེགས་ཤོམ་ཅིག་ཨིན་མས། དེ་ཡང་དང་པ་རང་ ཡིག་སྡེབ་ཡར་རྒྱས་གཏང་ནིའི་ དོན་ལུ་དུས་ཚོད་སོ་སོར་སྦེ་བཏོན་ཏེ་ལྷབ་མ་དགོ་པར་ དུས་རྒྱུན་སློབ་སྟོན་འབད་བའི་ཞོར་ཁ་ སློབ་སྟོན་འགོ་མ་བཙུགས་པའི་ཧེ་མ་ དུས་ཡུན་སྐར་མ་༡༠་འདེ་ཅིག་ ཡིག་སྡེབ་ལུ་སྦྱང་བ་བྱིན་ད་པ་ཅིན་ འདི་གི་སློབ་ཕྲུག་ཚུ་ ཡིག་སྡེབ་ ཡར་རྒྱས་བཏང་ཚུགས་ནི་དང་ སློབ་ཕྲུག་ཚུ་དབངཔོ་མི་ངལ་ནིའི་དོན་ལུ་ རྩེད་མོའི་ཐོག་ལས་འབད་བ་ཅིན་ ཐེབས་སྦེ་ར་སྦྱང་ཚུགས་པས་ཟེར་ཨིན་མས།
རང་གི་རྒྱུད་ལུ་ཡིག་སྡེབ་ཡར་རྒྱས་བཏང་དགོཔ་འདྲཝ་ཅིག་འབད་བ་ཅིན་ ལྷག་དེབ་ཚུ་མངམ་སྦེ་ལྷབ་ནི་ལུ་ སྤྲོ་བ་བསྐྱེད་དགོཔ་ཨིནམ་མ་ཚད་ འདི་ལྷག་པའི་སྐབས་ལུ་ སྡེབ་ནང་ལུ་དོག་པ་ཡོད་མི་མིང་ཚིག་ཚུ་ ཐོ་བཀོད་འབད་དེ་བཞག་བཞིན་ན་ སྡེབ་མ་ཤེས་ཚུན་ཚོད་ སྦྱང་བ་འབད་དགོ་པའི་ཁར་ ལག་ལེན་འཐབ་དགོཔ་འདི་ཡང་གལ་ཆེ་ཟེར་ཨིན་མས། དེ་མ་ཚད་ ང་བཅས་ཚུ་གིས་ ཁ་ལས་སླབ་པའི་སྐབས་ལུ་ རྫོད་སྒྲ་མ་དགཔ་འདྲཝ་ཅིག་འབད་བ་ཅིན་ འདི་གི་ཡང་ཡིག་སྡེབ་ལུ་ཁྱད་པར་བཟོཝ་ཨིན་ཟེར་ཨིན་མས། དེ་འབདཝ་ལས་ མིང་ཚིག་ཚུ་ཁ་ལས་སླབ་པའི་བསྒང་ལས་རང་རྫོད་སྒྲ་ཚུ་ སེམས་ཁ་བཞག་སྟེ་ དག་ཏོག་ཏོ་སྦེ་སླབ་འདྲཝ་ཅིག་འབད་བ་ཅིན་ ཡིག་སྡེབ་ཚངམ་སྦེ་འབྲི་ཚུགས་ཟེར་ཨིན་མས། ལྷག་པར་དུ་ རྫོང་ཁ་བརྡ་གཞུང་ལས་འབད་བ་ཅིན་ དུས་གསུམ་གྱིས་ཡང་ རྫོང་ཁའི་ཡིག་སྡེབ་ནང་ལུ་ ཁྱད་པར་སྦོམ་བཟོཝ་ལས་ འདི་སེམས་ཁ་བཞག་དགོཔ་འདི་གལ་ཆེ་ཟེར་ཨིན་མས།