སྤྱིར་བཏང་ གནས་དགོན་འདི་ལུ་ བྱིན་རླབས་ཆེ་ཆུང་གི་དབྱེ་བ་མེད་པར་ གནས་དགོན་མཇལ་མིའི་མོས་པ་ལུ་ བྱིན་རླབས་ཆེ་ཆུང་གི་ཁྱོན་བཞུགས་མི་ཡང་ བསམ་པ་དགེ་དང་མི་དགེ་བྱེ་བྲག་ལུ་བརྟེན་ཨིན་མས། གནས་དགོན་འདི་ སངས་རྒྱས་སྟོང་གི་འདུ་ཁང་ཨིནམ་ལས་ སངས་རྒྱས་སྟོང་བཞུགས་པའི་གདན་ས་འདི་ཁར་ ལེན་ཐེངས་གཅིག་ཕྱག་འཚལ་ཏེ་ སྨོན་ལམ་བཟང་པོ་བཏབ་ནིའི་ གོ་སྐབས་ཐོབ་པ་ཅིན་ངན་སོང་གི་འཇིགས་པ་ལས་ གྲོལ་ཚུགས་པའི་ཁར་ ཕྱག་མཆོད་ལེགས་ཤོམ་སྦེ་ཞུ་ཚུགས་པ་ཅིན་ ལྷ་ཁང་གི་བྱིན་རླབས་ཀྱིས་འཕྲལ་ལུ་ མི་ནོར་ཕྱུགས་གསུམ་དར་ཞིང་རྒྱས་པའི་ཁར་ མི་ཚེའི་གཡང་གི་དོངས་གྲུབ་ཐོབ་སྟེ་ ན་ཚའི་སྡུག་བསྔལ་མེད་པར་འགྲོ་ལམ་བཟང་སྟེ་ སྐྱིད་ཏོག་ཏོ་སྦེ་སྡོད་ཚུགས་པའི་ཁར་ ཕུགས་སུ་སངས་རྒྱས་ ཐོབ་པའི་རྒྱུ་མངོན་སུམ་དུ་ཤེས་ཚུགས་ཏེ་ སངས་རྒྱས་སྟོང་གི་ཞིང་ཁམས་ལུ་སྐྱེས་ཚུགས་པའི་ དགོས་པ་ཡོད་ཟེར་བཤདཔ་ཨིན་མས། དེ་འབདཝ་ལས་ གནས་དགོན་ལུ་ དྲག་ཞན་ཆེ་ཆུང་ རིང་ཐུང་གི་དབྱེ་བ་མེད་པར་ འདི་ལུ་དད་མོས་བསྐྱེད་དེ་ སྨོན་ལམ་དྲི་མ་མེད་པའི་མཚམས་སྦྱར་དགོཔ་དང་ ལུས་ངག་ཡིད་གསུམ་པོའི་ཐོག་ལས་ ཕྱག་ཕྱིད་ཞབས་ཏོག་ཏོ་ཞུ་དགོཔ་འདི་གལ་ཆེ་ནི་མས།

ལས་དང་སྐལ་བ་མེད་པའི་ ལོག་ལྟ་ཅན་དང་ལས་ཉོན་གྱིས་སྒྲིབ་པའི་མི་ཚུ་ལུ་ “ཆོས་སྐུ་ནམ་མཁའ་གང་ཡང་སྟོང་པར་མཐོང་། ། སྤྲུལ་སྐུས་ས་གཞི་ཁྱབ་ཡང་ཡིད་མ་ཆེས། ། སངས་རྒྱས་གོ་རྩར་བྱོན་ཡང་ཡན་པོར་མཐོང་། ། ཆོས་མེད་མི་མགོ་བསྐོར་ན་ཡ་མཚན་སྐྱེས། །” ཟེར་དོ་བཟུམ་ དམ་པའི་ཆོས་ཀྱི་ཐོག་ལས་ ཇི་ལྟ་བ་དང་ཇི་ཡོད་པའི་ལོ་རྒྱུས་བཤད་དེ་ བདེན་པའི་གནས་ལུགས་ཚུ་ནང་ཆོས་དང་ བླ་སློབ་ཀྱིས་བཤདཔ་ད་ ཡིད་ཆེས་བསྐྱེད་ནི་ཕར་བཞག་ སངས་རྒྱས་དོངས་སུ་བྱོན་རུང་ ཡིད་ཆེས་དང་དད་པ་ཆུང་བའི་དུས་ཚོད་འདི་ནང་ སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་རྟེན་ལ་སོགས་པའི་ ལྷ་ཁང་འདི་ཚུ་ལུ་ མི་ཚུ་གི་ཡིད་ཆེས་དང་དད་པ་མ་བསྐྱེད་པར་བཞགཔ་ཨིན་མས། ཨིན་རུང་ དེ་ཚུ་ལུ་བྱིན་རླབས་དང་དོངས་གྲུབ་མེདཔ་མེན་པར་ མ་ཤེས་མ་དད་པའི་ལེ་ལོ་དང་ མ་དག་པའི་ངོ་བོར་ ས་རྡོ་ཤིང་བྲག་དང་བེན་པོ་སྦེ་ མཐོངམ་ཨིན་པའི་ཁར་ ལས་སྒྲིབ་བསགས་པའི་རྒྱུ་ཨིན་མས།

དེ་ཡང་ “གནས་ཆེན་བརྒྱད་ཁྲི་གནས་ཕྲན་སྟོང་ལ་སོགས། །ངོ་མཚར་བསམ་ཡས་རྒྱལ་བའི་གསུང་ལགས་ཀྱང་། ། བྱིན་རླབས་ཆེ་ཆུང་རང་གི་སེམས་ལ་འདུས། །རང་སྣང་མ་དག་དད་མོས་མེད་གྱུར་ན། །ཀུན་ནས་ཀུན་ཀྱང་ས་རྡོའི་རང་བཞིན་མཐོང་། །” ཟེར་དོ་ བཟུམ་ཅིག་ཨིནམ་དང་ བྱིན་རླབས་དང་དོངས་གྲུབ་མེད་ཟེར་མནོ་མི་དང་ ལས་རྒྱུ་འབྲས་མི་བདེན། ང་གིས་མ་མཐོངམ་ལས་ དད་པ་དང་ཡིད་ཆེས་བསྐྱེད་མི་ཚུགས་ཟེར་བསྐྱེད་མི་ལུ་ ཚད་མ་རྣམ་འགྲེལ་ལས། “མ་མཐོང་ཕྱིར་ན་མེད་པ་མིན། །དབང་པོ་མ་གསལ་ ཕྱིར་མི་མཐོང་། །” ཞེས་དང་ སི་ཏུས། “མ་མཐོང་ཕྱིར་ན་མེད་པ་མིན། ། ཁྱོད་ཀྱི་མ་མཐོང་ཤེས་བྱ་མང་། །” ཟེར་བཀོད་དེ་ཡོདཔ་ལས་ གཙོ་བོ་དད་མོས་ལུ་རག་ལས་དགོཔ་ཨིནམ་ཤེས་ཏེ་ གནས་དགོན་འདི་ལུ་ཡང་ ཡིད་ཆེས་དང་དད་པ་བསྐྱེད་དགོ།

 གལ་སྲིད་ རྟེན་དང་བརྟེན་པའི་ལྷ་ཁང་འདི་ལུ་ ངོ་མ་མེནམ་འོང་ མི་བདེན་ཟེར་བའི་ཐེ་ཚོམ་གྱིས་མ་དད་པ་ཅིན་ བདུད་འདུལ་གུ་རུའི་བཤུས་ལས། “སྒྲུབ་པའི་གནས་ཀྱི་སྲུང་མ་ཐམས་ཅད་ཀྱིས། །གནས་ལ་མི་དད་ལོག་ཅན་རྣམས་ཀུན། །སྲོག་རྩ་ཆོད་ལ་སྙིང་ཁྲག་ ཐང་དུ་འཕོས། ། ཕྱི་མ་དམྱལ་བར་སྐྱོལ་ཅིག་ས་མ་ཡ། །” ཟེར་གསུངས་ཏེ་ཡོདཔ་ལུས་ ཚེ་འདི་ཕྱི་གཉིས་ལུ་རང་ གནོད་པའི་ ལཱ་གཅིག་ཨིནམ་ལས་ འཇིག་རྟེན་གྱི་ཆོས་དང་ ལྷག་པར་དུ་ གནས་དགོན་ལུ་ལུ་དད་པ་མ་ལོག་པར་ ཡིད་ཆེས་བསྐྱེད་དགོཔ་ཨིན་མས།

རང་གི་གཡུས་ཁར་ཡོད་པའི་གནས་དགོན་ལུ་ ཡིད་ཆེས་མེད་པར་སྣང་མེད་བཞག་སྟེ་ གནས་ཕྱོགས་གཞན་ཁར་ཡོད་པའི་ གནས་དགོན་ལུ་ མཇལ་ནིའི་རེ་བ་བསྐྱེད་མི་ལུ་ རིག་འཛིན་ཆེན་པོའི་ཞལ་ནས། “སྦས་པའི་གནས་ཆེན་རང་ཡུལ་ཡོད་པ་ལགས། །གཞན་ཡུལ་གནས་མཇལ་འགྲོ་རྣམས་སྙིང་རེ་རྗེ། ། རྒྱལ་བའི་བཞུགས་ནས་གོ་རྩར་ཡོད་པ་ལགས། ། ས་རྡོ་ཡིན་པར་སྙམ་པ་སྙིང་རེ་རྗེ། ། སྐུ་གསུམ་ཕོ་བྲང་རང་ལ་ཡོད་པ་ལ། །མ་མཐོང་མ་ཤེས་འགྲོ་རྣམས་སྙིང་རེ་རྗེ། ། རང་སེམས་རྗོགས་པའི་སངས་རྒྱས་ཡིན་ངེས་ཀྱང་། ། ཆོས་སྐུ་ཕྱི་ལ་བཅོལ་བ་སྙིང་རེ་རྗེ། །” ཟེར་དོ་བཟུམ་  རང་ཡུལ་ཡོད་པའི་བྱིན་རླབས་ཅན་གྱི་གནས་དགོན་ལུ་ ཕྱག་མཆོད་མ་ཞུ་བར་ གཞན་ཡུལ་ཡོད་པའི་གནས་དགོན་ལུ་ ཕྱག་མཆོད་འབད་ནིའི་རེ་བ་བསྐྱེད་མི་ཚུ་ དགོད་བྲ་སི་སི་ཨིན་མས།

དཔེར་ན་ རང་གི་ཁྱིམ་ནང་ ཡོད་མི་སྐྱེས་བའི་ཕམ་ལུ་ དད་མོས་གྱིས་ཕྱག་མཆོད་ག་ནི་ཡང་ཞུ་བར་ གཞན་གྱི་ཕམ་ལུ་ཕྱག་ཕྱིད་ཞུ་བ་དང་ ཞུ་དགོས་མནོ་བའི་ བསམ་པ་དང་ཡོད་མི་ཚུ་ལུ་ དགོད་བྲ་དོ་བཟུམ་ཅིག་ཨིནམ་ལས་ བྱིན་རླབས་ཆེ་བའི་གནས་དགོན་ཚུ་ རང་ཡུལ་བཞག་སྟེ་ དེ་ལུ་དད་མོས་མ་བསྐྱེད་པར་ སྣང་མེད་བསྐྱུར་བཞག་སྟེ་ གཞན་ཡུལ་ཡོད་པའི་གནས་དགོན་འདི་ གལ་ཅན་བསམ་པའི་བློ་འདི་ ལེགས་ཤོམ་སྦེ་ དབྱེ་བ་དཔྱད་དགོཔ་ཨིན་མས།

 གནས་དགོན་དང་དེ་ནང་ཡོད་པའི་ སྐུ་གསུང་ཐུགས་ཀྱི་རྟེན་ དེ་བཟུམ་སྦེ་ དོངས་ཅན་དང་དངོས་མེད་ཀྱི་ལམ་སྲོལ་ཚུ་ ཡིད་ཆེས་དང་ དད་པ་བསྐྱེད་དེ་ ཉམས་མ་བཅུག་པར་ བཞག་དགོཔ་འདི་གལ་ཆེ་བའི་ཁར་ ཨོ་རྒྱན་གུ་རུ་རིན་པོ་ཆེས། “དད་པ་ཅན་གྱི་གང་ཟག་ཕོ་མོ་ ལ། ། པད་བྱུང་གང་དུ་མ་བཞུགས་མ་སྒོ་ཉལ་ཡོད། ། ངའི་ཚེ་ལ་འདས་གྲོངས་ཡོད་མ་ཡིན། ། དད་དོན་མི་རེའི་དོན་དུ་པད་བྱུང་རེ། །” ཟེར་དོ་བཟུམ་ དད་པ་དང་ཡིད་ཆེས་བསྐྱེད་དེ་ ཕྱག་ཞབས་ཏོག་ཞུ་བ་ཅིན་བྱིན་རླབས་དང་ དངོས་གྲུབ་ཀྱི་ཆུའི་རྒྱུན་ལྷུན་གྱིས་འབབ་འོང་། དེ་མ་ཡིན་པར་ དེ་ཉིད་ཀྱིས། “དད་མེད་བྲག་རི་བྱང་ལྟོས་ལྟ་བུ་ལ། ། ཐུགས་རྗེ་ཉི་མ་ནམ་ཡང་ཤར་དུས་མེད། ། དད་མེད་ཆུ་དཀྱིལ་ རྡོ་རིལ་ལྟ་བུ་ལ། ། ཐུགས་རྗེ་ལྕགས་དཀྱུས་ནམ་ཡང་འཛིན་དུས་མེད། །” ཟེར་དོ་བཟུམ་ དད་པ་བསྐྱེད་དེ་ཕྱག་མཆོད་མ་ཕུལ་བ་ཅིན་ ཐུགས་རྗེ་གཟིགས་ནི་དང་ བྱིན་རླབས་དོངས་གྲུབ་ཐོབ་མི་སྲིད་ནི་ཨིན་མས།