སློབ་གྲྭ་ཁག་སོ་སོ་ཚུ་ནང་ སློབ་ཕྲུག་ཚུ་གིས་ རྫོང་ཁའི་ཡིག་སྡེབ་དག་ཏོག་ཏོ་བྲི་ནི་ལུ་ དཀའ་ངལ་ཡོད་མི་དེ་ཡང་ དང་པ་ སློབ་ཁང་ནང་ལུ་ བྲི་ནིའི་སྦྱོང་ལཱ་རེ་སྤྲོད་པའི་སྐབས་ལུ་ རྫོང་ཁའི་ཡི་གུ་ཐོག་ལས་མེད་པར་ ཨིང་སྐད་ཀྱི་ཡི་གུ་ཐོག་ལུ་ དོན་དག་གོ ཚུགསཔ་སྦེ་ཟིན་བྲིས་བཏབ་བཞགཔ་ཨིན་མས།

གཉིས་པ་ རྫོང་ཁའི་ཡི་གུ་ཚུ་ ཁ་ལས་རྗོད་སྒྲ་ག་སླབ་མི་འདི་ ཡིག་ཐོག་ལུ་ སྣང་བ་གང་ཤར་སྦེ་ བྲི་ནི་འདུག། གསུམ་པ་ རྗོད་སྒྲ་ཅོག་འཐདཔ་འབད་མི་ མིང་ཚིག་ཚུ་འཛོལ་ཏེ་བྲི་ནི་དང བཞི་པ་ སྐད་ཡིག་དང་ཡི་གུ་སྦྱོར་བ་ནང་ཡོད་པའི་ ཕྲད་དང་རྣམ་དབྱེ་གི་ ཐོབ་ཐངས་མ་ཤེསཔ་ལས་ ཡིག་སྡེབ་འཛོལ་བ་འབྱུངམ་ཨིན་མས། ལྔ་པ་ དུས་གསུམ་གྱི་རྣམ་བཞག་དང་འཁྲིལ་བའི་ སྔོན་འཇུག་ རྗེས་འཇུག་དང་ ཡང་འཇུག་ཚུ་བཙུགས་མ་ཤེས་པའི་ དཀའ་ངལ་ཚུ་ཡོདཔ་ལས་བརྟེན་ཨིན།
དེ་བཟུམ་མའི་ དཀའ་ངལ་ཚུ་བསལ་དགོ་པ་ཅིན་ སློབ་དཔོན་ཚུ་གིས་ སློབ་སྦྱོང་ལས་དོན་ནང་བཀོད་མི་ ཡིག་སྡེབ་ཚུ་ ཤེས་མ་ཤེས་དབྱེ་ཞིབ་འབད་དེ་ སློབ་ཕྲུག་ལུ་ ལོག་བྲི་ནིའི་གོ་སྐབས་སྤྲོད་དགོཔ་འདུག
སློབ་ཕྲུག་གིས་ ཡིག་སྡེབ་འཛོལ་བ་འབྱུང་མི་ཚུ་ མང་ཤོས་ར་ ཁྱིམ་ལཱ་སྤྲོད་དེ་ཡོད་མི་ འབྲི་དེབ་ནང་ལས་ཤེས་ཚུགས་པས། ཡིག་སྡེབ་མ་འཛོལ་བ་འབྲི་ཐབས་ཀྱི་ཐབས་ཤེས་ཚུ་ སྟོན་ནི་ལུ་སྤྲོ་བ་བསྐྱེད་རུང་ སློབ་གྲྭའི་ལཱ་དང་ལས་རིམ་ལེ་ཤ་ ཆོས་ཚན་གྱི་དུས་ཡུན་ཐུང་ཀུ་ བདུན་ཕྲག་གཅིག་ལུ་ རྫོང་ཁ་སློབ་སྟོན་འབད་ནི་དུས་ཡུན་ཉུང་སུ་ཡོདཔ་ལས་ ལེགས་ཤོམ་སྦེ་སློབ་སྟོན་འབད་མ་ཚུགས་པའི་ དཀའ་ངལ་འབྱུང་དོ་ཡོདཔ་ཨིན།

རྫོང་ཁའི་ནང་ལུ་ཡིག་སྡེབ་དང་ གཞན་ག་ཅི་ལས་འབད་རུང་ མ་འཛོལ་བར་ཐོབ་ལམ་དང་འཁྲིལ་ཏེ་ཡོད་མི་འདི་ བརྒྱ་ཆ་ ༢༥ རྐྱངམ་གཅིག་འབདཝ་ལས་ བརྒྱ་ཆ་ ༧༥ ནང་ཆ་མ་ཚངམ་དང་ ནོར་བ་ཡོད་པའི་སྔོན་རྟགས་བྱུང་ཡོད། དེ་ཡང་ བརྒྱ་ཆ་ ༤༢ འདི་ནང་རྫོང་ཁ་འདི་འཛོལ་ཏེ་བྲིས་ཡོདཔ་དང་ བརྒྱ་ཆ་ ༣༣ འདི་ཨིང་ལིཤ་ཐོག་ལུ་མ་གཏོགས་ རྫོང་ཁའི་ནང་རྩ་ལས་ར་བྲིས་བྲིསཝ་མིན་འདུག (རྫོང་ཁ་གོང་འཕེལ་ལྷན་ཚོགས། ༢༠༡༣ ཤོག་གྲངས་༦) བཀོད་ཡོད་པའི་ཁར་།
རྫོང་ཁ་ལྷབ་སྦྱང་འབདཝ་ད་ལུ་ གཙོ་བོ་རིག་རྩལ་བཞི་ཡོད་རུང་ འབྲི་ནི་གི་རིག་རྩལ་ནང་ལས་ སློབ་གྲྭ་ཆུང་བ་གཉིས་ནང་ལུ་ཡིག་སྡེབ་འདི་ དཀའ་ངལ་ཆེ་ཤོས་ཅིག་ཡོདཔ་སྦེ་ ཞིབ་འཚོལ་འབད་ནུག། དེ་ཡང་སློབ་གྲྭ་ཁག་གི་སློབ་ཕྲུག་ཚུ་གིས་ ཡི་གུའི་སྦྱོར་བ་ལུ་ བརྒྱ་ཆ་ལས་༤༦དང་ཚག་༦༤དང་ཡི་གུའི་སྡེབ་སྦྱོར་ལུ་ བརྒྱ་ཆ་ལས་༡༥ཐོབ་ནུག། དེ་ལས་ཡིག་བཟོ་ལུ་བརྒྱ་ཆ་ལས་༤༣དང་ཚག་༣༣ཐོབ་སྟེ་ཡོདཔ་ལས་ ཡིག་སྡེབ། ཡིག་སྦྱོར། ཡིག་བཟོ་གསུམ་སྤྱིར་བསྡོམས་ཀྱི་རྩིས་སྟོན་པ་ཅིན་ བརྒྱ་ཆ་༣༠༠་ལས་ ཡོངས་བསྡོམས་བརྒྱ་ཆ་༡༠༤.༩༧ཐོབ་ནུག (འཕྲིན་ལས་རྡོ་རྗེ། ༢༠༡༨ ཤོག་གྲངས་༣༦) བཀོད་དེ་འདུག

དེ་འབདཝ་ལས་ སློབ་གྲྭ་ཆུང་བ་ནང་ལུ་འབྱུང་མི་ཡིག་སྡེབ་ཀྱི་དཀའ་ངལ་བཟུམ་ སློབ་གྲྭ་གཞན་ལུ་ཡང་འོང་སྲིད་ནི་ཨིནམ་མ་ཚད་ ཡིག་སྡེབ་ཀྱི་གཞི་འགྱམ་འདི་ ཆུང་ཀུའི་བསྒང་ལས་ར་སྒྲིང་སྒྲི་སྦེ་ བཙུགས་མ་ཚུགས་པ་ཅིན་ འབྲིང་རིམ་སློབ་གྲྭ་ཚུ་ནང་ལྷོདཔ་ད་ལུ་ གོམས་གཤིས་ཚུད་དེ་ དཀའ་ངལ་ཆེ་ཤོས་གཅིག་འོང་ནི་ཨིན་མས། དེ་ཡང་ ལེགས་བཤད་བླང་དོར་ཤན་འབྱེད་ (༢༠༠༡) ལས་ “སྐྱེ་བོ་ངན་པ་བཅོས་ན་ཡང་། ། རྐྱེན་དང་འཕྲད་ཚེ་རང་མདོག་སྟོན། ། ཆུ་ཀླུང་འོལ་ཁ་བསྒྱུར་བ་དེ། ། བྲུབས་ཚེ་སྔར་གྱི་ལམ་དུ་འགྲོ། །” (ཤོག་གྲངས་༧) པ་ནང་གསུངས་དོ་བཟུམ་ཨིན་མས།
བཀྲ་ཤིས་བསྒང་འབྲིང་རིམ་སློབ་གྲྭ་གོང་མ་ཁག་སོ་སོ་ཚུ་ནང་ལུ་ རྫོང་ཁ་བྲི་ནིའི་རིག་རྩལ་ནང་ལུ་ ཡིག་སྡེབ་ཀྱི་དཀའ་ངལ་འདི་ཆེ་ཤོས་ཅིག་སྦེ་ར་ ཡོདཔ་སྦེ་བཀོད་དེ་འདུག དེ་ཡང་རྫོང་ཁ་བྲི་ནི་ནང་ལུ་ ཡིག་སྡེབ་འདི་ལཱ་ཁག་ཅིག་ཨིན། དྲི་བ་དྲི་ལན་དང་ཡིག་ཆ་དབྱེ་དཔྱད་ནང་ལུ་བཅའ་མར་བཏོགས་མི་ སློབ་ཕྲུག་དང་སློབ་དཔོན་ག་ར་གི་ སློབ་ཕྲུག་མང་ཤོས་ཅིག་གི་ར་ཡིག་སྡེབ་ལུ་ དཀའ་ངལ་ཡོདཔ་སྦེ་ཨིན་མས། ཁོང་ཚུ་གི་སྤྱིར་བཏང་ ཨིང་སྐད་ལས་རྫོང་ཁའི་ཡིག་སྡེབ་ལུ་ འཛོལ་བ་ལེ་ཤ་འབྱུང་མས་ཟེར་ཨིན་མས། སློབ་དཔོན་གྱི་ལན་རྐྱབ་མི་(T-03)དང་(T-04) དེ་ལས་སློབ་ཕྲུག་གི་ལན་རྐྱབ་མི་༡༠ གེ་ར་ རྫོང་ཁ་འབྲི་ནི་ནང་ལས་ ཡིག་སྡེབ་འདི་ དཀའ་ངལ་ཆེ་ཤོས་ཅིག་ཨིནམ་སྦེ་བཀོད་དེ་འདུག། སློབ་ཕྲུག་ལན་རྐྱབ་མི་SG-01 དང་ SG-02 དེ་ལས་SG-04ཚུ་གིས་ རྫོང་ཁ་འབྲི་ནི་འདི་དཀའ་ངལ་ཆེ་ཤོས་ཅིག་ཨིན་མི་འདི་ཡང་ ཡིག་སྡེབ་དག་ཏོག་ཏོ་སྦེ་ འབྲི་མ་ཚུགསཔ་ལས་ཨིནམ་སྦེ་ བཀོད་དེ་འདུག
དེ་འབདཝ་ལས་ འབྲིང་རིམ་སློབ་གྲྭའི་སློབ་ཕྲུག་ཚུ་གི་རྒྱུད་ལུ་ རྫོང་ཁ་བྲི་ནི་གི་དཀའ་ངལ་འདི་ སྦོམ་ཤོས་ཅིག་ར་ཡོདཔ་ལས་འདི་ཚུ་བསལ་ཐབས་ཀྱི་ ཐབས་ལམ་ཚུ་ཡང་ སྟོན་དགོཔ་གལ་ཆེ་ཤོས་ཅིག་ཨིན་མས།