དང་པ་ར་ སློབ་ཕྲུག་ཚུ་གིས་ ཡིག་སྡེབ་དག་ཏོག་ཏོ་སྦེ་ འབྲི་མ་ཚུགས་མི་འདི་ཡང་ ཆུང་ཀུའི་བསྒང་ལས་ར་ དག་ཡིག་དང་ཚིག་མཛོད་ནང་ཡོད་པའི་ སྡེབ་སྦྱོར་ཚུ་བལྟ་ནི་དང་ ལག་ལེན་འཐབ་ནི་ལུ་ གོམས་གཤིས་མེདཔ་ལས་བརྟེན་ཨིན་མས། དབྱངས་ཅན་གྲུབ་པའི་རྡོ་རྗེ་གིས། (༢༠༠༤) “ཚིག་གི་སྒྲ་ཙམ་འདྲ་ན་ཡང་། ། དོན་ལ་ཁྱད་པར་ཤིན་ཏུ་ཆེ། །” ཟེར་གསུངས་དོ་བཟུམ་སྦེ་ “དུས་ཀྱི་བསྐལ་པ་བ་སའི་བསྐལ།། ཁུར་ཆ་བཀལ་ནི་བ་བཀལ་ཨིན།” (བློ་གསར་ཡིག་སྡེབ་ལམ་སྟོན་ཟླ་བའི་འོད་ཟེར། ༢༠༠༩ ཤོག་གྲངས་༢) འདི་ཚུ་ ཁ་ལས་སླབ་པའི་སྐབས་ལུ་ བརྗོད་སྒྲ་བསྐལ། བཀལ། གཉིས་ལུ་ཡང་ སྡེབ་དང་དོན་དག་མ་འདྲཝ་སྟོནམ་ལས་ ཨ་ལོ་ཚུ་གིས་ དག་ཡིག་འདི་ཚུ་ བློར་བཟུང་མ་འབད་བ་ཅིན་ དུས་ཀྱི་བསྐལ་པ་བྲི་ནི་འདི་ ཁུར་ཆ་བཀལ་ནི་གི་བཀལ་བྲི་བ་ཅིན་ གཞན་ལུ་གོ་བརྡ་ཕྱི་འགྱུར་སྤྲོད་ནི་ཨིན་མས། དེ་འབདཝ་ལས་ སློབ་ཕྲུག་ཚུ་ ཆུང་ཀུའི་བསྒང་ལས་ར་ དག་ཡིག་དང་ཚིག་མཛོད་བལྟ་ནི་དང་ ལག་ལེན་འཐབ་ནི་ལུ་ སྦྱང་བ་བྱིན་དགོཔ་འདུག།དེ་བཟུམ་སྦེ་ རྫོང་ཁའི་ཡིག་སྡེབ་འཛོལ་བ་འདི་ མང་ཤོས་ར་ གདམ་ང་ཅན་གྱི་ཡི་གུ་འབྲི་བའི་ སྐབས་བྱུངམ་ཨིན་མས། དཔྱེ་འབད་བ་ཅིན་ བཀྲ་ཤིས་སྟོབས་རྒྱས་(༢༠༡༡ ཤོག་གྲངས་ ༤༢- ༤༦) ནང་ “གཤམ་གསལ་དང་ སུམ་ཅུ་ཟེར་ བྲི་བའི་སྐབས་ལུ་ སུམ་ཟེར་བའི་ཡི་གུ་ལུ་ སྔོན་འཇུག་ག་འབྲི་མ་དགོཔ་དང་ གཤམ་གསལ་ཟེར་བའི་སྐབས་ ཡི་གུ་གཤམ་ ལུ་ ག་མ་བཙུགས་པ་ཅིན་ འཛོལ་བ་ཨིན་པའི་ སྔོན་འཇུག་ཟེར་འཕུལ་རྟེན་གྱི་ཡིག་སྡེབ་ དེ་བཟུམ་སྦེ་ ཁ་ལས་སླབ་ད་ རྒྱམ་ཚོ་དང་སྐྱེམ་མཆེད་ཟེར་སླབ་རུང་ ཡིག་སྡེབ་འབྲིཝ་ད་ རྗེས་འཇུག་མ་འབྲི་བར་ རྒྱ་མཚོ་དང་སྐྱེ་མཆེད་ ཟེར་བྲི་ནི་ཡོད་པའི་ མཐའ་རྟེན་གྱི་ཡིག་སྡེབ་ དེ་ལས་ ཀླད་སྐོར་ སྟོད་ཀོར་ ཟེར་བའི་སྐབས་ ས་མགོ་སྦྱར་སྲོལ་མེད་དོ་བཟུམ་དང་ དུར་སྨྲིག་ སྨྲིག་སྒྱུ་ ཟེར་དོ་བཟུམ་ས་མགོ་མེད་པ་ཅིན་འཛོལ་བ་ཨིན་པའི་ཡིག་སྡེབ་ ལེ་ཤ་ཡོདཔ་ལས་ རྫོང་ཁའི་གདམ་ང་ཅན་གྱི་ཡིག་སྡེབ་ བྲི་ནི་ལུ་དཀའ་ངལ་བྱུངམ་ཨིན། Scott (1994, p. 188) གིས་སླབ་མི་Lockwood, Rebekah, Masino & Misty (༢༠༠༢ ཤོག་གྲངས་༡༩ ལས་ ༢༠) གིས་སློབ་ཕྲུག་ཚུ་གིས་ ཡིག་སྡེབ་ཀྱི་དོན་དག་ཚུ་ ཧ་མ་གོཝ་ལས་ རྩོམ་འབྲི་ཚུ་ནང་ལུ་ ལག་ལེན་འཐབ་མ་ཚུགས་པར་ ཡིག་སྡེབ་ལུ་འཛོལ་བ་འབྱུངམ་ཨིན་མས། དེ་ཡང་ ཡིག་སྡེབ་འདི་ བློ་ལུ་སྐྱོར་ནི་དང་གཟུང་ནི་ལས་ལྷགཔ་སྦེ་ ཧ་གོ་ཐབས་ལུ་བཙོན་དགོཔ་ཨིན། ཨ་ལོ་ཚུ་ཡིག་སྡེབ་ལྷབ་ནི་བ་ ཡིག་སྡེབ་ཀྱི་ཁྲིམས་ལུགས་དང་ ལམ་ལུགས་ཀྱི་མགོ་རྨོངས་བཅུག་དོ་ཡོདཔ་ཨིན། སློབ་ཕྲུག་ཚུ་ཡིག་སྡེབ་འདི་ ཆོས་རྒྱུགས་རྐྱབ་ནིའི དོན་ལུ་མནོ་བཏང་སྟེ་ བཀོ་བཞག་དོ་ཡོདཔ་ལས་ སློབ་དཔོན་གྱིས་ སློབ་ཕྲུག་ཚུ་གི་རྒྱུད་ལུ་ཡིག་སྡེབ་ཀྱི་ལྕོགས་གྲུབ་དང་ལྡནམ་སྦེ་ ཁོང་ར་གིས་འབྲི་ལྷབ་འབད་དེ་ ལག་ལེན་འཐབ་ཚུགསཔ་བཟོ་དགོཔ་ཨིན་མས།གཉིས་པ་ སློབ་དཔོན་དང་སློབ་ཕྲུག་ཚུ་གི་རྒྱུད་ལུ་ ཡིག་སྡེབ་ལུ་མཁོ་བའི་བརྡ་སྤྲོད་ནང་ལུ་ཡོད་མི་ བྱ་བྱེད་ལས་གསུམ་དང་ བདག་གཞན་དུས་གསུམ་གྱི་གོ་བ་ ལེགས་ཤོམ་སྦེ་མེད་པའི་ སྐྱོན་ལུ་བརྟེན་ཨིན་མས། ཐུ་མི་སམ་བྷོ་ཊ་མཆོག་གིས། (མེད) “དེང་དུས་ཆེར་སྙེམས་སྤྱི་བརྟོལ་ཅན་འགའ་ཞིག །ཡིག་སྡེབ་ཙམ་ལའང་བློ་མིག་ལྡོང་བཞིན་དུ།། འཆད་ཉན་བྱིས་པའི་ཟློས་གར་སྒྱུར་བ་ལ། །མཁས་རློམ་དེ་དག་གྱི་ནར་མ་གྱུར་ཏམ།།” (ཤོག་གྲངས་༢༥༤) ཟེར་གསུངས་དོ་བཟུམ་སྦེ་ དེང་སང་གི་ཤེས་ཡོན་སྦྱང་བརྩོན་པ་ ང་རྒྱལ་ཅན་ ཁྲལ་དང་ངོ་ཚ་མེད་མི་ལ་ལུ་གིས་ ཡིག་སྡེབ་ལུ་ཡང་ལེགས་ཤོམ་སྦེ་ སྦྱང་བརྩོན་མ་འབདཝ་ལས་ མི་གཞན་ལུ་ ཨ་ལོ་ཆུང་ཀུའི་རྩེདམོ་བཟུམ་སྦེ་ སློབ་སྟོན་འབད་མི་འདི་ ང་རྒྱལ་གྱི་མཁས་པ་ཨིནམ་ལས་ སློབ་ཕྲུག་ཚུ་ཡིག་སྡེབ་ལྷབ་ནི་བརྩོན་འགྲུས་ཡོད་རུང་ ཡོན་ཏན་བྱིན་མི་ཚུགས་ནི་ཨིན་མས།དེ་བཟུམ་སྦེ་སློབ་དཔོན་ལུ་ ཡིག་སྡེབ་ལུ་མཁོ་བའི་ བདག་གཞན་དུས་གསུམ་གྱི་ཡོན་ཏན་མེད་མི་ དེ་ཡང་ ཤེས་རིག་གྲོས་འཛོམས་ཐེངས་༡༧་པ་ལུ་ ཆུ་ཁ་གི་ཤེས་རིག་འགོ་དཔོན་ ཀུན་ལེགས་རྒྱལ་མཚན་གྱིས་ཉམས་མྱོང་བཤད་མི་ནང་ལུ་ རྫོང་སློབ་གཅིག་གིས་ ཞུ་ཡིག་འདི་ ཨིང་སྐད་ནང་ལུ་བྲིས་ཏེ་ བྱིན་ཡོདཔ་ལས་ ཞུ་ཡིག་འདི་ཨིང་སྐད་ནང་ལུ་མི་བཏུབ་ཟེར་སླབ་ད་ལུ་ རྫོང་ཁ་ནང་ལུ་འབྲི་མི་ཤེས་ཟེར་སླབ་ཡོདཔ་ཨིན་མས། (Kuensel Corporation Limited ༢༠༡༧ ཤོག་གྲངས་༢༥༤) དེ་གི་ག་ཅི་སྟོན་སྨོ་ཟེར་བ་ཅིན་ སློབ་དཔོན་གྱི་ཞུ་ཡིག་ཅིག་ར་ འབྲི་མ་ཤེས་པ་ཅིན་ རྫོང་ཁ་བྲི་ནིའི་གི་རིག་རྩལ་དང་ཡིག་སྡེབ་ལུ་མཁོ་བའི་ བདག་གཞན་དུས་གསུམ་ཚུ་ སློབ་སྟོན་འབད་ཚུགས་པའི་སློབ་དཔོན་ལེགས་ཤོམ་མེད་ནི་གི་ཨིན་མས།ཨ་ལོ་ཚུ་ལུ་ ཡིག་སྡེབ་ཀྱི་ལྕོགས་གྲུབ་ཡོདཔ་ བཟོ་དགོ་པ་ཅིན་གཞི་རིམ་སློབ་གྲྭ་ནང་ལས་ར་ རིག་གནས་ཀྱི་ཡོན་ཏན་ ངག་སྒྲོན་དང་སུམ་རྟགས་ལ་སོགས་པ་བརྡ་སྤྲོད་པའི་རྣམ་བཤད་ཚུ་ ལེགས་ཤོམ་སྦེ་ར་ སྦྱང་བརྩོན་འབད་དགོ་ཟེར་ཨིན་མས། དེ་མ་ཚད་ ད་ལྟོ་ཨ་ལོ་ཚུ་གིས་ བྲི་མི་ཡི་གུ་ནང་ལུ་ ཡིག་སྡེབ་ཀྱི་འཛོལ་བ་མཐོང་མི་འདི་ སློབ་ཕྲུག་ཚུ་བརྡ་སྤྲོད་རྣམ་བཤད་ཀྱི་ཡོན་ཏན་ ལྷབ་ནི་གི་གོ་སྐབས་ མ་ཐོབ་ལས་བརྟེན་ཨིན་མས། དེ་མ་ཚད་ ཉིནམ་གཅིག་ནང་ལུ་ རྫོང་ཁའི་ཆོས་ཚན་ ཚར་གཅིག་རྐྱངམ་ཅིག་འབདཝ་ལས་ ཡིག་སྡེབ་ཚུ་ ལག་ལེན་འཐབ་ནི་གི་ གནས་སྟངས་མེདཔ་ལས་ རྫོང་ཁའི་ཡིག་སྡེབ་ལུ་ དཀའ་ངལ་འབྱུང་མས་ཟེར་མནོ་མས། དཔེར་ན་ རྫོང་ཁ་སློབ་དཔོན་དང་དྲུང་ཡིག་ཚུ་ ཨ་རྟག་ར་རྫོང་ཁའི་ཡིག་སྡེབ་ཚུ་ལག་ལེན་འཐབ་པ་ལས་བརྟེན་ ཡིག་སྡེབ་ལུ་འཛོལ་བ་ གནམ་མེད་ས་མེད་འཐོན་ནི་མེདཔ་ཨིན་མས། གསུམ་པ་ སློབ་ཕྲུག་ཚུ་ལུ་རྗོད་སྒྲ་དང་ སྒྲ་གཅིག་དོན་མང་གི་མིང་ཚིག་ཚུ་ལས་བརྟེན་ཏེ་ ཡིག་སྡེབ་ལུ་འཛོལ་བ་འབྱུང་དོ་ཡོདཔ་ཨིན་མས། Al-Jarf གིས (༢༠༠༩) ལུ་ཨི་ཨེཕ་ཨེལ(EFL) ཟེར་བའི་མཐོ་རིམ་སློབ་གྲྭའི་ སློབ་ཕྲུག་གསརཔ་ཚུ་གིས་ ཉན་ཏེ་ས་སྟོང་ནང་ལུ་ཡིག་སྡེབ་བྲི་ནི་གི་ཆོས་རྒྱུགས་རྐྱབ་མི་གྲུབ་འབྲས་དང་འཁྲིལཝ་ད་ལུ་ སློབ་ཕྲུག་ཚུ་གིས་ དག་ཡིག་ལས་ལྷགཔ་སྦེ་ རྗོད་སྒྲ་དང་འབྲེལ་བའི་ ཡིག་སྡེབ་ནང་ལུ་དཀའ་ངལ་ཡོདཔ་སྦེ་ གསལ་སྟོན་འབྱུང་ནུག དེ་ཡང་ རྗོད་སྒྲ་དང་འབྲེལ་བའི་ཡིག་སྡེབ་ཀྱི་འཛོལ་བ་འདི་ བརྒྱ་ཆ་༦༣ དང་དག་ཡིག་དང་འབྲེལ་བའི་ ཡིག་སྡེབ་ཀྱི་འཛོལ་བ་འདི་ བརྒྱ་ཆ་༣༧ ཡོདཔ་ཨིན་སྦེ་བཀོད་དེ་འདུག།དེ་བཟུམ་སྦེ་ར་ རྫོང་ཁའི་ཡིག་སྡེབ་འཛོལ་བ་བྱུང་དགོ་མི་འདི་གཙོ་བོ་རང་ རྗོད་སྒྲ་དང་ཡིག་སྡེབ་ དེ་ལས་ དེའི་དོན་དག་གི་བར་ན་ འབྲེལ་བ་མ་ཤེསཔ་ལས་བརྟེན་ཨིན་མས། རྫོང་ཁ་སྒྲ་གཅིག་དོན་མང་ཚིག་མཛོད། (༢༠༡༢) ནང་ལུ་ “རྗོད་སྒྲ་ཅོག་འཐདཔ་ཨིན་རུང་ ཡིག་སྡེབ་དང་དོན་དག་སོ་སོར་ཡོད་མི་ དཔེར་ན་ ཆར། ཕྱར། ཟེར་མི་ཚུ་དང་ ཡིག་སྡེབ་དང་རྗོད་སྒྲ་ཅོག་འཐདཔ་ ཨིན་རུང་ དོན་དག་སོ་སོར་ཡོད་མི་ དཔེར་ན་ གནམ་ཁའི་སྐར་མ། ཆུ་ཚོད་འཁོར་ལོའི་སྐར་མ། དེ་བཟུམ་སྦེ་ར་ ཡིག་སྡེབ་ཅོག་འཐདཔ་ཨིན་རུང་ རྗོད་སྒྲ་སོ་སོར་ཡོདཔ་མི་ དཔེར་ན་ སློབ་དཔོན། (Leo-poe) /lo-po/ སློབ་དཔོན་(Lop-pon) ཟེར་བའི་རྗོད་སྒྲ་དང་ཡིག་སྡེབ་ཀྱི་ཁྱད་པར་ཡོདཔ་ལས་བརྟེན་ཨིན་མས།དེ་མ་ཚད་ རྫོང་ཁའི་ཡིག་སྡེབ་འཛོལ་མི་འདི་ དབྱངས་དང་ གསལ་བྱེད་ཀྱི་སྒྲ་གདངས་མ་ཤེས་པའི་ཁར་ དབྱངས་དང་གསལ་བྱེད་ཀྱི་ སྒྲ་གདངས་ལས་བརྟེན་ བྱུང་བའི་ཡིག་སྡེབ་ཀྱི་ལམ་ལུགས་མ་ཤེས་པར་ རྫོང་ཁའི་ཡིག་སྡེབ་བྲི་ནི་ལུ་ འཛོལ་བ་བྱུང་དོ་ཡོདཔ་ཨིན་མས། དེ་ཡང་ ཡིག་སྡེབ་འཛོལ་བ་བྱུང་མི་འདི་ Benyo (pp. 366-367, 2014) གིས་ University of Dongola, Sudan ནང་ ཞིབ་འཚོལ་འབད་མི་གྲུབ་འབྲས་སྙན་ཞུ་དང་འཁྲིལ་བ་ཅིན་ “སློབ་ཕྲུག་ཚུ་གིས་ གཙོ་བོ་དབྱངས་ལས་བརྟེན་བྱུང་བའི་སྒྲ་གདངས་ ལེགས་ཤོམ་སྦེ་མ་ཤེས་པ་ལུ་བརྟེན་ཨིན་” ཟེར་བཀོད་དེ་འདུག།དེ་བཟུམ་སྦེ་ར་ ད་ལྟོ་ང་བཅས་རྒྱལ་ཁབ་ནང་བྱུང་སྟེ་ཡོད་པའི་ ཡིག་སྡེབ་འཛོལ་བ་མང་ཤོས་ཅིག་ར་ རྫོང་ཁའི་ངག་གཤིས་ནང་ལུ་ སླབ་སྲོལ་མེད་པའི་ ཕྱི་ལས་འཐོན་པའི་ ཚན་རིག་དང་འཁྲུལ་ཆས་ ཅ་དངོས་ཚུ་ལུ་བརྟེན་བྱུང་དོ་ཡོདཔ་དང་ ལྷག་པར་དུ་ རྫོང་ཁ་ནང་ སླབ་སྲོལ་མེད་པའི་སྒྲ་གདངས་ལུ་ ཡིག་སྡེབ་འབྲིཝ་ད་བྱུང་དོ་ཡོདཔ་ཨིན།རྟ་ལོག་ཀུན་བཟང་རྡོ་རྗེ་གིས། “རྫོང་ཁའི་རྗོད་སྒྲ་དག་ཏོག་ཏོ་འབད་ སླབ་དགོ་པ་ཅིན་ དབྱངས་དང་གསལ་བྱེད་ རེ་རེ་བཞིན་དུའི་ སྒྲ་གདངས་དང་བསྟུན་པའི་རྗོད་སྒྲ་ཤེས་དགོ་” ཟེར་བཀོད་ཡོད་མི་ལུ་བལྟ་བ་ཅིན་ རྫོང་ཁའི་ཡིག་སྡེབ་ཡང་ གཙོ་བོ་ངག་གཤིས་ཀྱི་རྗོད་སྒྲ་ལུ་བརྟེན་བྲི་ནི་ཡོདཔ་ལས་ སྒྲ་གདངས་མ་ཤེསཔ་ལས་བརྟེན་ ཡིག་སྡེབ་འཛོལ་བ་བྱུངམ་ཨིན་མས། རྫོང་ཁའི་རྗོད་སྒྲ་ངག་རྒྱུན་དང་པའི་ཁྲུས་ཆུ་ (༢༠༡༢ ཤོག་གྲངས་ ༡༤) ནང་ ཡི་གུའི་སྐྱེ་གནས་ལེགས་ཤོམ་མ་ཤེས་པ་ཅིན་ རྗོད་སྒྲ་ཕྱི་འགྱུར་འགྱོ་འོང་ རྫོད་སྒྲ་ལུ་བརྟེན་མིང་ མིང་ལུ་བརྟེན་ཚིག་ ཚིག་ཕྱི་འགྱུར་ལུ་བརྟེན་དོན་ཕྱི་འགྱུར་འགྱོཝ་ཨིན། ཟེར་མི་ལུ་བལྟ་བ་ཅིན་ རྫོང་ཁའི་ཡིག་སྡེབ་འདི་ རྗོད་སྒྲ་མ་དག་པ་ལུ་བརྟེན་ དོན་ཕྱི་འགྱུར་གོ་ནི་དང་ ཚིག་ཕྱི་འགྱུར་འབྲི་བ་ལས་བྱུངམ་ཨིན་མས།