ཡིག་སྡེབ་དགཔ་སྦེ་ འབྲི་དགོ་པའི་ཁུངས་ཡང་ སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་གིས (མེད། ཤོག་གྲངས་ ༡༡) “ཞིབ་ཏུ་བརྟག་ན་མི་འདྲ་བས།། འཁྲུལ་པ་འབྱུང་བར་མི་སྲིད་ཀྱང་།། རྨོངས་པ་ཕལ་ཆེར་རྒྱ་ཚོམ་དུ།། ནོར་བར་བྲིས་ཤིང་ནོར་བར་ཀློག།། ལོག་པར་གོ་བ་དོན་འཆུག་སྲིད།། དེས་ན་བརྡ་དག་ལ་བརྟེན་ནས།། མ་ནོར་དོན་རྣམས་འཚོལ་བ་གཅེས།།” ཟེར་གསུངས་དོ་བཟུམ་ ཡི་གུ་འབྲི་བའི་སྐབས་ལུ་ ཡིག་སྡེབ་མ་དགཔ་སྦེ་འབྲི་བ་ཅིན་ རང་གིས་མནོ་བའི་དོན་དག་ཚུ་ ཚུལ་བཞིན་དུ་ བརྡ་དོན་སྤྲོད་ལེན་འབད་མ་ཚུགས་པར་ གོ་བརྡ་ཕྱི་འགྱུར་འབད་སྤྲོད་དེ་ རང་གཞན་གཉིས་ཆ་རང་ལུ་ སྟབས་མ་བདེཝ་བྱུང་སྲིད་ནི་ཨིན་མས། ཡིག་སྡེབ་ཚུ་ལེགས་ཤོམ་སྦེ་ དབྱེ་བ་དཔྱད་པ་ཅིན་ འཛོལ་བ་འབྱུང་མི་སྲིད། ཨིན་རུང་ ཡི་གུ་འབྲི་མ་ཤེས་པའི་རྨོངས་པ་ཚུ་གིས་ ཡི་གུ་འདི་སྡེབ་སྦྱོར་མ་ཚང་བ་བྲིས་བའི་བསྒང་ལས་ སོ་སོར་སྦེ་ལྷག་སྟེ་ གོ་བ་ཚུ་དོན་དང་མ་མཐུན་པ་ ཕྱི་འགྱུར་སྦེ་སྤྲོདཔ་ལས་ རིག་པའི་ལམ་ལུ་ གནས་མི་གང་ཟག་ཚུ་གིས་ དག་ཆ་དག་ཏོག་ཏོ་སྦེ་འབྲི་ཐབས་ལུ་ བརྡ་སྤྲོད་པའི་གཞུང་ལུགས་དང་དག་ཡིག་ཚུ་ལུ་ སྦྱང་བཙོན་སྒྲ་དག་སྤུས་དག་སྦེ་ འབད་ནི་འདི་གལ་ཆེ་ནི་ཨིན་མས།དེ་ཉིད་ཀྱིས་ (ཤོག་གྲངས་༢༡ལས་༢༢) “གང་དག་ཡི་གི་འབྲི་བ་པོར། །སྙོམས་གཙང་འགྲིག་གསུམ་ལྡན་པ་དང་། །ལེགས་མགྱོགས་དག་གསུམ་དྲུག་ཚང་ན། ། མཁས་པའི་གོ་ས་འཐོབ་པ་ཡིན། །” ཟེར་གསུང་དོ་བཟུམ་ ཡི་གུ་འབྲི་མི་ན་གཞོན་སློབ་ཕྲུག་ཚུ་གིས་ ཡི་གུ་བྲི་བའི་ནམ་དུས་ལུ་ གོང་ལུ་གསུངས་མི་ ཁྱད་ཆོས་ཚུ་ཡང་ ཡིག་གཟུགས་དང་ཡིག་སྡེབ་ཚུ་ སྙོམས་པ་ གཙང་མ་དང་ འགྲིགས་ཏོག་ཏོ་སྦེ་ འབྲི་དགོཔ་མ་ཚད་ ལེགས་ཤོམ་སྦེ་འབྲི་བའི་གུ་ལུ་ མགྱོགས་དྲག་སྦེ་ཡང་ འབྲི་དགོཔ་ཁག་ཆེ་ དེ་བ་ཡང་ གལ་ཆེཝ་འདི་ ཡིག་སྡེབ་ཚུ་དག་ཏོག་ཏོ་སྦེ་ ཡིག་སྡེབ་ལུ་ནོར་འཁྲུལ་མེད་པ་བྲི་བ་ཅིན་ མཁས་པའི་མིང་གཏམ་འཐོབ་ནི་ཨིན་མས།དེ་ལས་ ཡི་གུའི་སྦྱོར་བ་ཤེས་དགོ་པའི་སྐོར་ལས་ ཐུ་མི་མཁན་པོ་སམ་བྷོ་ཏའི་ “བསླབ་པ་ཀུན་གྱི་གཞི་འཛིན་ཅིང་། ། རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ། ། མིང་ཚིག་བརྗོད་པ་ཀུན་གྱི་གཞི། ། ཡི་གུའི་སྦྱོར་བ་ཤེས་པར་བྱ། །་” ཟེར་གསུངས་བཞག་དོ་བཟུམ་ དཔེ་ཆ་ལྷབ་མི་ཚུ་གིས་རྒྱུད་ལུ་ ཡི་གུའི་སྦྱོར་བ་ལེགས་ཤོམ་སྦེ་ ལྷབ་སྦྱང་འབད་དགོཔ་འདི་ཁག་ཆེ་ དེ་མ་ཤེས་པ་ཅིན་ ཡི་གུ་ག་བཟུམ་འབྲི་རུང་ གཞན་ལུ་བརྡ་སྤྲོད་མ་ཚུགསཔ་ཨིན། དེ་བཟུམ་སྦེ་ དབྱངས་ཅན་གྲུབ་པའི་རྡོ་རྗེ་གིས་ (༢༠༠༤། ཤོག་གྲངས་ ༥༢) “ཚིག་གི་སྒྲ་ཙམ་འདྲ་ན་ཡང་།། དོན་ལ་ཁྱད་པར་ཤིན་ཏུ་ཆེ།། དེ་ཕྱིར་བརྡ་དག་ལ་བརྟེན་ནས།། མ་ནོར་དོན་རྣམས་འཚོལ་བ་གཅེས།།” ཟེར་གསུངས་དོ་བཟུམ་ རྫོང་ཁའི་ནང་རྗོད་སྒྲ་འདྲ་རུང་ དོན་དག་དང་ཡིག་སྡེབ་ མ་འདྲཝ་ དཔེར་ན་ འབྲེལ་དང་བྲལ། འབྲི་དང་དྲི། མཚོན་དང་ཚོན་བཟུམ་ལེ་ཤ་ཡོདཔ་ལས་ འདི་ཚུ་དབྱེ་བ་དཔྱད་དེ་འབྲི་ཤེས་དགོཔ་འདི་ག་ནི་བ་གལ་ཆེ་ཤོས་ཅིག་ཨིན། ཀླུ་སྒྲུབ་ཞབས་ཀྱིས་གསུངས་མི་ རིག་གཞུང་ཞིབ་འཚོལ་དུས་དེབ་ནང་ལུ་ ལེགས་སྦྱར་བ་བསྟན་འཛིན་རྡོ་རྗེ། (༢༠༡༧) གིས་ “ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་འགྱུར། ། དམ་པའི་དོན་ནི་མ་རྟོགས་པར། ། མྱ་ངན་འདས་པ་འཐོབ་མི་འགྱུར། །”ཟེར་ (ཤོག་གྲངས་༡༠༡) ནང་བཀོད་དེ་འདུག དེ་ཡང་ རྫོང་ཁ་སློབ་སྦྱོང་འབད་མི་ལུ་ རིགས་འགྲེས་ཏེ་ བཤད་པ་ཅིན་ སློབ་ཕྲུག་ཚུ་ལུ་ དང་པ་ སྦྱར་བྱའི་ཡི་གུའི་ཐ་སྙད་དང་ བརྡ་སྤྲོད་ཀྱི་རྣམ་གཞག་ཚུ་ལུ་ སྦྱང་བརྩོན་ལེགས་ཤོམ་སྦེ་དགོཔ་ཨིན། ཐ་སྙད་འདི་ཚུ་ལུ་ ལྷབ་སྦྱང་ལེགས་ཤོམ་སྦེ་ མ་འབད་བ་ཅིན་ འབྲིང་རིམ་སློབ་གྲྭ་ཚུ་ནང་ལྷོདཔ་ད་ ཡི་གུ་དང་རྩོམ་འབྲི་ཚུ་བྲིས་བའི་སྐབས་ ཡིག་སྡེབ་ལུ་ དཀའ་ངལ་འབྱུང་ནི་ཨིན་མས། དེ འབདཝ་ལས་ ཡིག་སྡེབ་འདི་ཚུ་ ཤེས་རིག་རྩ་གཞུང་ནང་ལུ་ བཀོད་མི་ཚད་གཞི་ལྟར་ འབྲིང་རིམ་སློབ་གྲྭ་ཚུ་ནང་ ལྷབ་སྟོན་ལེགས་ཤོམ་སྦེ་ར་ འབད་དགོཔ་གལ་ཆེ་ནི་ཨིན་མས།Smedleyགིས་བཤད་མི་ (Jayousi, 1994, p. 6) གིས་ལག་ལེན་འཐབ་མི་ནང་ལུ་ བརྡ་གཞུང་དང་འཁྲིལ་བའི་ ཡིག་སྡེབ་དག་ཏོག་ཏོ་སྦེ་ མ་འབྲི་བ་ཅིན་ ཡི་གུ་བྲི་མི་དང་ལྷག་མི་གཉིས་ཀྱི་བར་ན་ལུ་ བརྡ་དོན་སྤྲོད་ལེན་འབད་མ་ཚུགས་པའི་ དཀའ་ངལ་འབྱུངམ་ཨིན་མས། དེ་ལས་ ཡི་གུ་འབྲི་མི་གིས་ ལྕོགས་གྲུབ་མེད་པའི་ རྟགས་ཚན་སྟོནམ་མ་ཚད་ རང་གིས་འབད་མི་ལཱ་ལུ་ གནོད་འོང་ཟེར་ཨིན་མས། དེ་འབདཝ་ལས་ སློབ་སྟོན་ལེགས་ཤོམ་སྦེ་ འབད་ཐབས་ལུ་རིམ་གྱིས་སྦེ་ སློབ་ཕྲུག་ཚུ་གིས་བློ་སྤོབས་དང་ རིག་རྩལ་ཡར་རྒྱས་བཏང་ནི་དོན་ལུ་ ཨ་ལོ་ཚུ་གིས་ཡིག་སྡེབ་ཀྱི་རྒྱུ་རྐྱེན་ཚུ་ ཤེས་དགོཔ་དང་ དཀའ་ངལ་བསལ་དགོཔ་འདི་ ཁག་ཆེ་ཟེར་བཀོད་དེ་འདུག